ཡ་ཆེན་སྒར་གྱི་བཙུན་མའི་སྡོད་ཤག་གསུམ་སྟོང་ལྷག་ཡོངས་སུ་གཏོར་བཤིག་བཏང་འདུག

2019-08-28
གློག་འཕྲིན།
མཆན།
Share
པར་བཀོད།
ཡ་ཆེན་སྒར་གཏོར་བཤིག་མ་བཏང་སྔོན་དང་བཏང་ཟིན་པའི་རྗེས། ༢༠༡༩
ཡ་ཆེན་སྒར་གཏོར་བཤིག་མ་བཏང་སྔོན་དང་བཏང་ཟིན་པའི་རྗེས། ༢༠༡༩
བོད་འབྱོར། /RFA

རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་བཙུན་མའི་སྡོད་ཤག་གསུམ་སྟོང་ལྷག་ཡོངས་སུ་གཏོར་བཤིག་བཏང་འདུག
དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༡༢་ནས། རྒྱ་ནག་གཞུང་གིས་ཡ་ཆེན་སྒར་གྱི་བཙུན་མའི་སྡོད་ཤག་གསུམ་སྟོང་ལྷག་ཡོངས་སུ་གཏོར་བཤིག་བཏང་ནས་ཤུལ་དུ་སྤང་རྩྭ་བཏབས་ཡོད་པ་བོད་ནས་འབྲེལ་ཡོད་མི་སྣ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།
ཁོང་གིས་བརྗོད་དོན་ལྟར་ན། ཉེ་སྔོན་རྒྱ་ནག་གཞུང་གི་བཀོད་ཁྱབ་འོག་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་གི་བཙུན་མའི་སྡོད་ཤག་མང་པོ་ཞིག་གཏོར་བཤིག་བཏང་ཡོད་པ་དང་། དེ་ནས་ཉིན་གྲངས་ཁ་ཤས་རིང་ལ་གཏོར་བཤིག་བཏང་ཟིན་པའི་ཁང་པའི་ཤིང་ཆ་ཚང་མ་ཕྱོགས་གཅིག་དུ་སྐྱེལ་འདྲེན་གྱིས་མེར་བསྲེགས་བཏང་རྗེས། བཙུན་མའི་སྡོད་ཤག་གསུམ་སྟོང་ལྷག་གཏོར་ཟིན་པའི་ཤུལ་དུ་སྤང་རྩྭ་བཏབས་ནས་དེའི་སྟེང་ད་སྐབས་འགྱིག་ཤོག་ལྗང་ཁུ་ཞིག་བཀབ་ནས་བཞག་འདུག ད་དུང་ཡ་ཆེན་སྒར་གྱི་དགེ་འདུན་པའི་གྲྭ་ཤག་མང་པོ་ཞིག་ཀྱང་གཏོར་བཤིག་གཏོང་རྒྱུ་ཡིན་ལུགས་ཀྱི་བཤད་ཚུལ་ཡོད་པ་ལྟར། དགོན་པའི་ལས་སྣེ་བ་རྣམས་པས་ས་གནས་རྫོང་དང་ཁུལ། ཞིང་ཆེན་རིམ་པ་བཅས་སུ་གཏོར་བཤིག་མི་ཡོང་བའི་ཞུ་འབོད་ཡང་ཡང་བྱས་ཡོད་པ་དང་། གོང་རིམ་ནས་བཙན་བཀའ་ནན་མོ་ཞིག་སླེབས་ཚེ་དགེ་འདུན་པའི་གྲྭ་ཤག་ཡང་གཏོར་རྒྱུའི་ཉེན་ཁ་ཡོད་པ་ཞིག་རེད་ཅེས་བརྗོད་བྱུང་།
བཙུན་མའི་སྡོད་ཤག་གཏོར་ཟིན་པའི་ས་ཆ་དེའི་རྒྱ་ཁྱོན་ལ་ཆེ་ཆུང་ཅི་ཙམ་ཡོད་མེད་སྐོར་དྲིས་སྐབས། ཁོང་གིས་གསལ་བོ་ཤེས་དཀའ་ཡང་མི་ཞིག་གིས་གོམ་པ་བརྒྱབ་ནས་བསྐོར་བ་ཞིག་བྱས་བ་ཡིན་ན་མ་མཐར་ཡང་སྐར་མ་༢༠་ནས་༣༠་བར་འགྲོ་དགོས་ཀྱི་རེད་ཟེར། ཡིན་ཡང་འདི་གར་པར་དང་བརྙན་འབྱོར་བར་བལྟས་ན། ཧ་ལམ་ཡ་ཆེན་སྒར་གྱི་ཕྱེད་ཀ་ཙམ་གཏོར་བཤིག་བཏང་ཡོད་པ་ལྟབུ་མཐོང་རྒྱུ་འདུག
གཞན་ཡང་ཤེས་རྟོགས་བྱུང་བ་ལྟར་ན། ཡ་ཆེན་སྒར་དུ་ཕྱི་མི་འགྲོ་འོང་བཀག་འགོག་དང་མཉམ་དུ་བཞི་མདོ་དང་སྲང་བར་སོགས་སུ་བརྙན་ལེན་འཕྲུལ་ཆས་གང་སར་བཙུགས་ནས་བཞག་ཡོད་པ་མ་ཟད། རྒྱ་གཞུང་གི་མི་སྣས་ལྟ་ཞིབ་ནན་མོ་བྱེད་བཞིན་ཡོད་འདུག་ལ་ལྷག་པར་དུ་དྲ་རྒྱའི་བརྒྱུད་ལམ་ལ་ཚོད་འཛིན་ནན་མོ་བྱེད་བཞིན་ཡོད་འདུག།
ཉེ་བའི་ལོ་ཤས་ནང་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་སྟོང་ཕྲག་མང་པོ་གཏོར་བཤིག་བཏང་བ་དང་། གྲྭ་བཙུན་སྟོང་ཕྲག་ཁ་ཤས་མི་འདོད་བཙན་གྱིས་ཕྱིར་ཕུད་བཏང་ཡོད་པ་རེད།
ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་ནི། སྤྱི་ལོ་༡༩༨༤་ལོར་ཨ་ཁྱིག་གྲུབ་དབང་འཇམ་དབྱངས་ལུང་རྟོགས་རྒྱལ་མཚན་མཆོག་གིས་ཕྱག་བཏབ་པ་དང་། གསེར་རྟ་བླ་རུང་སྒར་དང་འདྲ་བར་བོད་མི་སེར་སྐྱ་དབྱེར་མེད་ཀྱིས་ནང་ཆོས་ལ་སློབ་གཉེར་དང་སྒྲུབ་པ་ཉམས་ལེན་གནང་སའི་བསྟི་གནས་ཆེན་པོ་ཞིག་ཡིན། དགོན་གནས་དེ་གར་གཏན་སྡོད་གནང་མཁན་སློབ་གཉེར་བ་ཁྱོན་བསྡོམས་ཆིག་ཁྲི་ལྷག་ཡོད་པ་ཚོད་དཔག་བྱེད་བཞིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།