བོད་རིགས་སློབ་ཆེན་མཐར་ཕྱིན་པ་ཚོར་གཞུང་གི་ལས་ཀ་མི་རག་པའི་དཀའ་ངལ་འདུག

2019-08-29
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་སར་ཡོད་པའི་སློབ་གྲྭ་ཞིག་གི་ནང་། ༢༠༡༥
ལྷ་སར་ཡོད་པའི་སློབ་གྲྭ་ཞིག་གི་ནང་། ༢༠༡༥
AP

བོད་ནང་བོད་རིགས་སློབ་ཆེན་མཐར་ཕྱིན་པ་ཚོར་གཞུང་གི་ལས་ཀ་མི་རག་པའི་དཀའ་ངལ་མུ་མཐུད་དུ་འཕྲད་བཞིན་འདུག
སྤྱི་ལོ་༢༠༡༩་ལོར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ས་ཁུལ་ནང་། མཐོ་སློབ་སློབ་ཐོན་སློབ་མའི་གྲངས་འབོར་༢༣༦༡༦་ཟིན་ནས་ལོ་རྒྱུས་ཐོག་ནས་མང་ཤོས་ཡིན་པ་དང་། འདི་ལོའི་སྤྱི་ཟླ་༨་པའི་བར་སློབ་ཐོན་སློབ་མ་བརྒྱ་ཆ་༦༧ ་ཙམ་གཞུང་དང་།  ཚོང་ལས་སྒྲིག་འཛུགས་ཁག་གི་ནང་ལས་ཞུགས་ཐུབ་ཡོད་པ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་ཡོད་ཀྱང་། བོད་ནང་གི་སྤོ་སྨད་རྫོང་དུ་གནས་སྡོད་བོད་རིགས་མཐོ་སློབ་སློབ་ཐོན་སློབ་མ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ལས་གནས་བཀོད་སྒྲིག་དང་ཡིག་རྒྱུགས་སོགས་ནི་རྒྱ་རིགས་ཀྱིས་སྟངས་འཛིན་བྱེད་ཀྱི་ཡོད་པར་བརྟེན། བོད་རིགས་སློབ་ཐོན་སློབ་མ་མང་ཆེ་བ་ཞིག་རྒྱུན་དུ་ཡིག་རྒྱུགས་མ་འཕྲོད་པའི་དཀའ་ངལ་ཡོད་པ་འགྲེལ་བརྗོད་གནང་གི་འདུག
བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཀའི་གོ་སྐབས་དང་འབྲེལ་བའི་ཚོགས་འདུ་ཞིག་ཟླ་བ་འདིའི་སྤྱི་ཚེས་༢༠ ཉིན་བསྐོང་ཚོགས་བྱས་ཡོད་པའི་ཁར། རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ས་ཁུལ་དུ་གཞུང་ཁོངས་ཀྱི་ཁེ་ལས་དང་སློབ་གསོ། དངུལ་རྩིས། ཁྲོམ་ར། བོད་ལུགས་གསོ་རིག། འཛིན་སྐྱོང་། ཨར་ལས། ཀམ་པུ་ཊར་དྲ་རྒྱའི་འདུ་འགོད་སོགས་ཀྱི་ཆེད་ལས་དང་འབྲེལ་བའི་ལས་གནས་༣༩༠༠་ཙམ་མཁོ་འདོན་བྱས་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་གི་སྟེང་གནས་ཚུལ་སྤེལ་འདུག འོན་ཀྱང་། གོང་ཞུས་སློབ་ཐོན་སློབ་མ་ཁོང་གིས་འགྲེལ་བརྗོད་གནང་བར་གཞིགས་ན། བོད་རིགས་སློབ་མ་མང་ཆེ་བ་ནི་ཡིག་རྒྱུགས་འཕྲོད་མེད་ཅིང་། ཞབས་སྟེགས་ཉུང་བའི་ཁར་ཚུད་རྒྱུགས་གཏོང་མཁན་གྱི་ཁ་གྲངས་ནི་ཧ་ཅང་མང་པོ་ཡོད་པར་བརྟེན། བོད་རིགས་སློབ་ཐོན་སློབ་མར་ལས་ཀ་རག་རྒྱུ་ནི་ཧ་ཅང་ཁག་པོ་ཡིན་པ་བརྗོད་ཡོད་པ་རེད།
ཡང་བོད་ནང་གནས་སྡོད་གློག་ཀླད་རྩིས་འཁོར་ཆེད་ལས་ཐོག་སློབ་ཆེན་ཐོན་པའི་སློབ་མ་ཞིག་གིས། རང་ཉིད་ཀྱི་ཆེད་ལས་དང་འབྲེལ་བའི་ཡིག་རྒྱུགས་སྟེང་ཐེངས་མང་མཉམ་ཞུགས་བྱས་ཡོད་ཀྱང་། ཡིག་རྒྱུགས་འབྲི་ཤོག་ཤིན་ཏུ་ཁག་པོ་ཡོད་པའི་དབང་གིས་མཐར་ཡིག་རྒྱུགས་འཕྲོད་མེད་པར་བརྟེན། ད་ལྟའི་ཆར་རང་ཉིད་སྒེར་གྱི་རྒྱན་ཆའི་ཚོང་ཁང་ཞིག་བཟུང་ནས་ཚོང་གཉེར་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
གཞན་ཡང་བོད་ནང་གནས་སྡོད་བོད་མི་ཞིག་གིས། ད་སྐབས་བོད་རིགས་སློབ་ཆེན་ཐོན་པའི་སློབ་མ་ཚོས་གྲོང་ཚོ་ཁག་གི་སྔོན་འགྲོ་སློབ་གྲྭའི་དགེ་རྒན་བྱ་རྒྱུ་དེ་ལས་ཀའི་གོ་སྐབས་ཡག་ཤོས་སུ་ངོས་འཛིན་བྱེད་བཞིན་ཡོད་ཅིང་། རྒྱུ་མཚན་ནི་དེང་སྐབས་རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ཞེས་འབོད་པའི་ས་ཁུལ་གྱི་ཤེས་ཡོན་སྲིད་བྱུས་ལ་འགྱུར་བ་གཏོང་བཞིན་ཡོད་པའི་ཁར་གྲོང་ཚོ་ཁག་གི་སྔོན་འགྲོའི་སློབ་གྲྭའི་དགེ་རྒན་ཞིག་བྱེད་པར་ངེས་པར་དུ་མཐོ་སློབ་ཐོན་པའི་ལག་ཁྱེར་དགོས་ཀྱི་ཡོད་པ་གཏན་འབེབས་གནང་བ་བཞིན། སྔོན་འགྲོ་སློབ་གྲྭའི་དགེ་རྒན་དུ་མ་ཞིག་བསྡུ་སྐོང་གནང་འགོ་བཙུགས་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།