གནས་སྟངས་གསལ་ཆ་མེད་པའི་པཎ་ཆེན་རིན་པོ་ཆེའི་སྣང་བརྙན་འཆར་གཟུགས།

2019-04-18
གློག་འཕྲིན།
མཆན།
Share
པར་བཀོད།
༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག
༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག
པར་ཚགས།

གར་སོང་ཆ་མེད་དུ་གྱུར་བའི་པཎ་ཆེན་རིན་པོ་ཆེ་མཆོག་དགུང་ལོ་༣༠་ལ་ཕེབས་པའི་འཁྲུངས་སྐར་ཉིན་དམིགས་བསལ་སྣང་བརྙན་འཆར་གཟུགས་ཀྱི་བརྙན་ཐུང་ཞིག་བཟོས་ཡོད་འདུག
ཟླ་འདིའི་ཚེས་༢༥ ཉིན་ཏེ་༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༠ལ་ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་གྱི་སྔ་ནུབ་དུ། དབྱིན་ཇིའི(BBC)བརྙན་འཕྲིན་ལས་ཁང་གིས། པཎ་ཆེན་རིན་པོ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༢༤འི་རྗེས་སུ་རིན་པོ་མཆོག་གི་འཆར་གཟུགས་ཇི་འདྲ་ཞིག་ཡོད་མིན་ཐད་སྨན་སྦྱོར་དཔྱད་ཞིབ་ཀྱི་ལག་རྩལ་བེད་སྤྱད་དེ་སྣང་བརྙན་འཆར་གཟུགས་ཤིག་སྤྱན་འབུལ་ཞུ་རྒྱུ་ཡིན་འདུག
དེ་ཡང་ཕྱི་ཚེས་༡༨ཉིན་དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་རང་དབང་ལས་འགུལ་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། དབྱིན་ཇིའི་(BBC)བརྙན་འཕྲིན་ལས་ཁང་ནས་ཕྱི་ཚེས་༢༤ཉིན་གྱི་དགོང་དྲོའི་ཚོུད་༧པའི་ཐོག་(The One Show)ཞེས་པའི་བརྙན་འཕྲིན་ལས་རིམ་ནང་། ཆུང་སྲིད་རིན་པོ་ཆེའི་སྐོར་དམིགས་བསལ་བརྙན་ཐུང་ཞིག་གཟིགས་འབུལ་ཞུ་རྒྱུ་ཡིན་པ་རེད། བརྙན་ཐུང་དེའི་ནང་། གར་སོང་ཆ་མེད་དུ་གྱུར་བ་དང་དེ་བཞིན་མི་ངོ་རྟགས་མི་ཆོད་པའི་མི་སྣ་ངོ་རྟགས་ཆོད་ཆེད་དེང་དུས་སྨན་སྦྱོར་ཚན་རིག་ལ་བརྟེན་པའི་ལག་རྩལ་ལ་མཁས་པ་(Tim Widden)ཞུ་བས་ཆུང་སྲིད་རིན་པོ་མཆོག་དགུང་གྲངས་༦ལ་ཕེབས་པའི་སྐབས་ཀྱི་སྐུ་པར་གཞི་ལ་བཞག་སྟེ། ད་ཆ་དགུང་གྲངས་༣༠ཕེབས་སྐབས་རིན་པོ་ཆེ་མཆོག་ན་ཚོད་སྨིན་པའི་ད་ལྟའི་སྐབས་ཁོང་གི་ཞལ་རས་དང་སྐུ་གཟུགས་ཀྱི་དབྱིབས་ག་འདྲ་ཞིག་ཡོད་སྲིད་པའི་སྐོར་སྣང་བརྙན་འཆར་གཟུགས་བསྐྱར་བསྐྲུན་ཞུས་པ་དེ་གཟིགས་འབུལ་ཞུ་རྒྱུ་ཡིན་པ་རེད།
སྐུ་ཞབས་(Tim Widden)ལགས་ཀྱིས། ཁོང་ནས་རིན་པོ་མཆོག་གི་སྣང་བརྙན་བསྐྱར་བསྐྲུན་ཞུ་ཡས་དེ་ཆབ་སྲིད་དང་འབྲེལ་བ་གང་ཡང་མེད་པ་དང་། དེ་ནི་གར་སོང་ཆ་མེད་དུ་གྱུར་བའི་མི་སྣ་སུ་འདྲ་ཞིག་རུང་མི་དེ་རྩད་གཅོད་མུ་མཐུད་བྱ་རྒྱུའི་ཆེད་ན་ཚོད་སྨིན་པའི་ངོ་གདོང་བསྐྱར་བསྐྲུན་བྱ་རྒྱུ་དེ་འོས་བབ་ཅིག་ཡིན་པར་གཟིགས་ཀྱི་འདུག་ཅེས་གསུངས་གནང་འདུག རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་འབྲེལ་མཐུད་པ་བློ་བཟང་དབྱངས་མཚོ་ལགས་ཀྱིས་ (BBC)བརྙན་འཕྲིན་ལས་ཁང་ནས་པཎ་ཆེན་རིན་པོ་མཆོག་གི་སྣང་བརྙན་བསྐྱར་བསྐྲུན་ཞུས་པ་དེ་ཧ་ཅང་གི་གལ་གནད་ཆེན་པོ་ཞིག་ཡིན་པ་དང་། དེ་ཡང་སྣང་བརྙན་དེ་བརྒྱུད་རྒྱ་ནག་གཞུང་གིས་རིན་པོ་མཆོག་གི་སྐོར་གནས་ཚུལ་སྦས་བསྐུམས་དང་ཁོང་གི་ལོ་རྒྱུས་ནག་བསུབ་གཏོང་ཐབས་ག་ཚོད་བྱས་ཀྱང་འཛམ་གླིང་ཡོངས་ནས་ཆུང་སྲིད་རིན་པོ་ཆེ་ནམ་ཡང་བརྗེད་མེད་པ་དེ་རྒྱ་ནག་གཞུང་ལ་བརྡ་ལན་སྤྲོད་རྒྱུ་ཡིན་པ་གསུངས་འདུག
༧པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག ཕྱི་ལོ་༡༩༨༩ ལོའི་༤ པའི་ཚེས་༢༥ ཉིན་ནག་ཆུ་ཁུལ་ལྷ་རི་རྫོང་དུ་འཁྲུངས་ཡོད་པ་དང་། ཕྱི་ལོ་༡༩༩༥ ལོའི་ཟླ་༥ པའི་ཚེས་༡༤ ཉིན་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་སྟེ་ཉིན་གསུམ་གྱི་རྗེས་ཟླ་༥ པའི་ཚེས་༡༧ ཉིན་ ༧པན་ཆེན་རིན་པོ་མཆོག་དང་ཁོང་གི་སྐུ་འཁོར་ནང་མི་བཅས་པ་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་སྟེ། ད་བར་ཁོང་གི་གནས་སྟངས་ཇི་ཆགས་སྐོར་གནས་ཚུལ་ཤེས་རྟོགས་མེད་པར་གྱུར་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།