ཨ་རིའི་གྲོས་ཚོཊ་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་གྱུར་བར་༧གོང་ས་མཆོག་གིས་ཐུགས་གསོ།

2019-04-30
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Richard Lugar)མཆོག་དང་༧གོང་ས་མཆོག ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་བཅས། ༢༠༠༣
ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Richard Lugar)མཆོག་དང་༧གོང་ས་མཆོག ཨ་རིའི་སྲིད་འཛིན་གཞོན་པ་ཟུར་པ་བཅས། ༢༠༠༣
ICT

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རི་ཆརཌ་ལུ་གྷར(Richard Lugar)མཆོག་ཉེ་ཆར་དགོངས་པ་རྫོགས་པར། ཁོང་གི་སྐུ་ཟླ་ཆར་ལིན་ལུ་གྷར་ལགས་ཀྱི་མཚན་ཐོག་ཐུགས་གསོའི་འཚམས་འཕྲིན་ཞིག་འདི་ཚེས་༣༠་ཉིན་སྩལ་གནང་མཛད་འདུག་ཅིང་། དེའི་ནང་།
སྐུ་ཞབས་ལུ་གྷར་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོས་པ་དེར་ཐུགས་ཕམ་བྱུང་།  ཁོང་གི་ཤུལ་ལུས་ནང་མི་བུ་ཕྲུག་ཚོར་ཐུགས་གསོ་ཞུ་རྒྱུ་ཡིན་ཞེས་དང་། སྐུ་ཞབས་ལུ་གྷར་གིས་སྐུ་ཚེ་ཧྲིལ་པོའི་རིང་ཨ་མི་རི་ཀའི་མི་དམངས་ལ་ལྷག་བསམ་རྣམ་དག་གིས་ཞབས་འདེགས་གྲུབ་གནང་ཡོད་པ་མ་ཟད། ཆབ་སྲིད་ཀྱི་དབྱེ་མཚམས་མེད་པའི་ཐོག་ནས་ཕྱག་ལས་གནང་མཁན་ཞིག་ཡིན་པར་ཁོང་གི་ལས་རོགས་ཚོས་བསྟོད་བསྔགས་ཆེན་པོ་ཐོབ་ཡོད་ཅེས་གསུངས་འདུག
ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་རང་བོད་མི་ཞིག་ཡིན་པའི་ཆ་ནས་ཁོང་གིས་ལོ་མང་རིང་བོད་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་གནང་ཡོད་པར་མ་ཟད།  དེ་སྔོན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིའི་རྒྱལ་སའི་ནང་ཆིབས་བསྒྱུར་སྐབས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་དང་མཇལ་འཕྲད་སྐབས་སུ་ཡང་ཁོང་གི་རྒྱབ་སྐྱོར་ཆེན་པོ་གནང་པར་ཡི་རངས་བསྔགས་བརྗོད་མཛད་ཡོད་པ་རེད།
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་དང་ཕྱག་འབྲེལ་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་རྣམ་པས་བོད་དོན་ལ་རྒྱབ་སྐྱོར་གནང་བ་དེས་བོད་མི་ཚོར་སེམས་ཤུགས་སྐྱེས་བའི་རྩ་བ་ཞིག་ཆགས་ཡོད་པ་མ་ཟད། འཚེ་མེད་ཞི་བའི་ཐོག་ནས་བོད་མིའི་རང་དབང་འཐབ་རྩོད་མུ་མཐུད་བྱ་དགོས་རྒྱུ་དང་རེ་བ་མ་དོར་པའི་སེམས་འགུལ་སྐྱེས་གཞི་ཞིག་ཏུ་གྱུར་ཡོད་པ་བཀའ་གནང་འདུག
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རི་ཆརཌ་ལུ་གྷར་མཆོག་ཕྱི་ཟླ་བཞི་པའི་ཚེས་༢༨ ཉིན་དགུང་གྲངས་༨༧ ཐོག་ཨ་རིའི་ཨིན་ཌ་ཡ་ན་མངའ་སྡེའི་ནང་དགོངས་པ་རྫོགས་ཡོད་པ་རེད། ཁོང་གི་སྐུ་ཚེ་ཧྲིལ་པོ་ཨ་རིའི་སྲི་ཞུ་བའི་ལས་དོན་ཁོངས་བཏང་གནང་ཞིང་། ཕྱི་ལོ་ ༡༩༧༦ ལོར་ཐོག་མར་ཨ་རིའི་གྲོས་ཚོགས་གོང་མའི་མངའ་སྡེ་ཨིན་ཌི་ཡ་ནའི་འཐུས་མིར་འདེམས་ཐོན་བྱུང་བ་ནས་བཟུང་ ༡༩༨༢ དང་ ༡༩༨༢། ༡༩༨༨། ༡༩༩༤། ༢༠༠༠ ཐམ་པ་དང་ ༢༠༠༦ སོ་སོར་བསྟུད་མར་འདེམས་ཐོན་བྱུང་ནས་གྲོས་ཚོགས་གོང་མའི་འཐུས་མི་ཡུན་རིང་ཤོས་གནང་མཁན་གྱི་གྲས་ཤིག་ཆགས་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།