ཏཱ་ལའི་བླ་མའི་དགེ་རྩ་ཚོཊ་པ་ནས་བོད་རིཊ་སློབ་མ་༡༦་ལ་ཡང་བསྐྱར་སློབ་ཡོན་སྩལ་རྒྱུ།

2019-08-08
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གཙུག་ལག་ཁང་དུ། ༢༠༡༩
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གཙུག་ལག་ཁང་དུ། ༢༠༡༩
OHHDL

ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནས་བོད་རིགས་སློབ་མ་༡༦་གསར་དུ་འདེམས་སྒྲུག་གིས་སློབ་ཡོན་སྩལ་རྒྱུ་ཡིན་འདུག
ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་ནས་བོད་རིགས་སློབ་མ་༡༦་གསར་དུ་འདེམས་སྒྲུག་གིས་སློབ་ཡོན་སྩལ་རྒྱུ་ཡིན་པ་ཨ་མི་རི་ཀར་རྟེན་གཞི་བྱས་པའི་ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩའི་དྲུང་ཆེ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་འགྲེལ་བརྗོད་གནང་བྱུང་།
ཕྱི་ལོ་༢༠༡༩་ལོའི་ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩ་ནས་རྒྱལ་ཁབ་འདྲ་མིན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཁག་གི་ནང་སློབ་གཉེར་གནང་བཞིན་པའི་བོད་རིགས་སློབ་མ་༡༦་གསར་དུ་འདེམས་སྒྲུག་གིས་སློབ་ཡོན་སྩལ་རྒྱུ་ཡིན་པའི་ཁར། དེ་སྔ་ལོ་གཅིག་གི་སློན་ཡོན་ཐོབ་ཟིན་པའི་བོད་རིགས་སློབ་གཉེར་བ་གྲངས་༡༤་བསྐྱར་དུ་འདེམས་སྒྲུག་གིས་མུ་མཐུད་ལོ་གཅིག་གི་སློབ་ཡོན་སྩལ་རྒྱུ་ཡིན་འདུག་ཅིང་། འདི་ལོར་ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩ་ནས་ཁྱོན་བོད་རིགས་སློབ་མ་༣༠་ལ་སློབ་ཡོན་སྩལ་རྒྱུ་ཡིན་པ་དང་། སློབ་མ་རེར་མང་ཤོས་སློབ་ཡོན་ཨ་སྒོར་ཁྲི་གཅིག་རེ་ཐོབ་རྒྱུ་དང་། ཐེངས་འདིའི་སློབ་ཡོན་ཁྱོན་བསྡོམས་ཨ་སྒོར་ ༢༣༩༥༠༠་ཉིས་འབུམ་གསུམ་ཁྲི་དགུ་སྟོང་ལྔ་བརྒྱ་ཐམ་པ་གསོལ་སྩལ་གནང་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཕྱི་ཟླ་ ༨་ཚེས་༨་ཉིན་བསལ་བསྒྲགས་གནང་ཡོད་པ་རེད།
ཕྱི་ལོ་༢༠༡༩་ལོའི་སློབ་ཡོན་ཐོབ་མཁན་གྱི་བོད་རིགས་སློབ་གཉེར་བ་ཚོ་ཨ་རི་དང་། ཁེ་ན་ཌ། ཧྥ་རན་སི། འཇར་མ་ནི། སུད་ཛར་ལེནྜ་བཅས་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་ཕྲ་གཟུགས་སྐྱེ་དངོས་རིག་པ་དང་། སྨན་སྦྱོར་རིག་པ། ཁྲིམས་ལུགས་རིིག་པ། ཁྲིམས་ལུགས་མཚུངས་བསྡུར། རྒྱལ་སྤྱིའི་ཤེས་ཡོན་རིག་པ་བཅས་ཀྱི་འབུམ་རམས་པའི་སློབ་གཉེར་བྱེད་བཞིན་ཡོད་ཅིང་། ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩའི་དྲུང་ཆེ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བར་གཞིགས་ན། འདི་ལོར་སྙན་ཞུ་འབུལ་མཁན་སློབ་མ་༧༠་ལྷག་བྱུང་འདུག་པ་དེ་རྣམས་ཀྱི་སྙན་ཞུ་དང་ཡིག་ཆ་སོགས་ལ་འདེམས་སྒྲུག་ཚོགས་ཆུང་ནས་ཞིབ་མཇུག་མཐར་ཕྱིན་པ་བྱས་པའི་རྗེས་དྲི་བ་དྲིས་ལན་གྱི་ལམ་ནས་འདེམས་སྒྲུག་གནང་རྒྱུ་ཡིན་འདུག
ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩའི་གཙུག་ལག་སློབ་གཉེར་བའི་སློབ་ཡོན་གྱི་ལས་གཞི་འདི་ཕྱི་ལོ་ ༢༠༡༡་ལོ་ནས་འགོ་འཛུགས་གནང་ཏེ་ད་བར་བོད་རིགས་སློབ་གཉེར་བ་གྲངས་ ༡༦༠ ་ལ་ཨ་སྒོར་ས་ཡ་གཉིས་སློབ་ཡོན་གནང་ཡོད་འདུག་ཅིང་། སློབ་ཡོན་དེ་དག་བོད་རིགས་སློབ་གཉེར་བ་རྣམས་ནས་རང་རང་གིས་བདམས་པའི་སློབ་ཚན་ཐོག་སློབ་སྦྱོང་གཟེངས་ཐོན་བྱུང་བ་དང་། གཤིས་སྤྱོད་བཟང་ལ་བྱམས་བརྩེ་ལྡན་པ་སོགས་རྩ་ཆེའི་བོད་ཀྱི་རིག་གཞུང་གོམས་སྲོལ་ལ་གཅེས་སྤྲས་བྱེད་མཁན་བཅས་ལ་གནང་བཞིན་ཡོད་འདུག་ཅིང་། ད་བར་སློབ་སྦྱོང་མཐར་སོན་པའི་སློབ་གཉེར་བ་རྣམས་ནས་ཚོང་ལས་འཛིན་སྐྱོང་དང། གློག་ཀླད་ཚན་རིག རྒྱལ་སྤྱིའི་གནད་དོན། ཕྲ་བའི་གློག་རྡུལ་མ་ལག འཕྲུལ་ལས་རིག་པ། དཔལ་འབྱོར་རིག་པ་བཅས་སོ་སོར་རིགས་གཅིག་རྐང་འཛིན་གྱི་ཆེད་ལས་མཁས་པར་གྱུར་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་འགྲེལ་བརྗོད་གནང་ཡོད་པ་རེད།  
ཨ་རིའི་ཏཱ་ལའི་བླ་མའི་དགེ་རྩ་ནས་སློབ་ཡོན་དེ་དག་ནི་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མིར་ཕན་ཐོགས་མཛད་རྒྱུའི་རླབས་ཆེན་དགོངས་གཞིའི་ཆ་ཤས་བསྒྲུབ་པའི་ཆེད་དང་། བོད་མིའི་སྤྱི་ཚོགས་ནང་མིའི་ནུས་པ་གོང་མཐོར་གཏོང་ཐབས་བཅས་སུ་དམིགས་ནས་གནང་བ་ཞིག་ཡིན་འདུག་པ་དང་། ལོ་རྗེས་མ་ནས་ཆེས་མཐོའི་གཙུག་ལག་སློབ་ཡོན་ལས་གཞི་དེ་དག་སུད་སིར་ཡོད་པའི་ཏཱ་ལའི་བླ་མའི་དགའ་ལྡན་ཕོ་བྲང་དགེ་རྩ་ནས་འཛིན་སྐྱོང་གནང་རྒྱུ་ཡིན་པ་གསལ་བསྒྲགས་གནང་ཡོད་པ་རེད། ཨ་རིའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་གནས་རྗེས་འབྲེལ་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པ་འདིའི་གཙོ་འཛིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཡིན་ཞིང་། ཚོགས་པ་འདི་དང་གཞན་ཡང་ཏཱ་ལའི་བླ་མའི་ཐེབས་རྩ་ལ་སོགས་པ་བརྒྱུད་བོད་མིའི་སྤྱི་ཚོགས་ཙམ་མིན་པར་འཛམ་གླིང་ཁྱོན་ཡོངས་ཀྱི་སྤྱི་ཚོགས་ཀྱི་བདེ་དོན་དང་ཤེས་ཡོན། འཕྲོད་བསྟེན། ཁོར་ཡུག། འཇིག་རྟེན་ཀུན་ཁྱབ་ཀྱི་བྱམས་བརྩེ་གོང་སྤེལ། རྒྱ་གར་གི་གནའ་བོའི་རིག་གཞུང་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་སོགས་ཀྱི་ཐད་རོགས་རམ་ཤུགས་ཆེ་གནང་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།