བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་རྒྱ་གར་ལྷོ་ཕྱོགས་མེང་ལོར་དུ་ཆིབས་བསྒྱུར་གནང་འཆར།

2019-08-27
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་སྐྱབས་ཆེན་པོ་མཆོག་མཱ་ནཱ་ལིར་ཡོད་པའི་འོན་མངའ་རི་གྲྭ་ཚང་དུ། ༢༠༡༩།༨།༡༧
སྤྱི་ནོར་༧གོང་ས་སྐྱབས་ཆེན་པོ་མཆོག་མཱ་ནཱ་ལིར་ཡོད་པའི་འོན་མངའ་རི་གྲྭ་ཚང་དུ། ༢༠༡༩།༨།༡༧
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་མེང་ལོར་དུ་རྒྱལ་ཡོངས་ཡེ་ཤུ་སློབ་གྲྭའི་ཚོགས་ཆེན་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་དང་བཀའ་སློབ་སྩལ་རྒྱུ་ཡིན་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་ཆེན་པོ་མཆོག་གིས། རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་མཱ་ནཱ་ལིར་ཡོད་པའི། འོན་མངའ་རི་གྲྭ་ཚང་དུ་ཆོས་འབྲེལ་ཁག་ལེགས་པར་འགྲུབ་སྟེ། འདི་ཚེས་༢༤་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་ཡོད་ཅིང་། འབྲེལ་ཡོད་བརྒྱུད་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ས་ལྡི་ལིར་ཉིན་ཤས་རིང་སྐུ་ལྷོད་ངང་བཞུགས་རྒྱུ་ལས་མཛད་འཆར་གང་ཡང་མེད་པ་རེད་འདུག
འདི་ཚེས་༢༩་ཉིན་རྒྱལ་ས་ལྡི་ལི་ནས་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་མངའ་སྡེའི་རྒྱལ་ས་བྷེང་ལོར་བརྒྱུད་གྲོང་ཁྱེར་མེང་ལོར་དུ་ཆིབས་བསྒྱུར་གྱིས། ཁུལ་དེའི་རྒྱ་གར་རྒྱལ་ཡོངས་ཡེ་ཤུ་སློབ་གྲྭ་ཚོགས་པའི་ཚོགས་ཆེན་ཐེངས་༥༢་པ(52 National convention of All India Association of Catholic Schools)ཞེས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་གྱིས། བཀའ་སློབ་སྩལ་གནང་མཛད་རྒྱུ་ཡིན་པ་དང་། སྐབས་དེར་སློབ་གྲྭ་གཉིས་སྟོང་ཙམ་གྱི་སློབ་སྤྱི་ཚོ་ཚོགས་བཅར་གནང་གི་ཡོད་པའི་སྐོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཡང་ཁོང་གིས་གསུངས་ན། མེང་ལོར་གྲོང་ཁྱེར་དུ་མཐོ་རིམ་སློབ་གྲྭ་འགྲིམས་བཞིན་པའི་བོད་པའི་སློབ་ཕྲུག་མི་ཉུང་ཡོད་པ་ཚོར་ཡང་མཇལ་ཁ་དང་བཀའ་སློབ་སྩལ་གནང་རྒྱུ་ཡིན་པ་རེད་འདུག
དེ་ནས་མེང་ལོར་ནང་གི་མཛད་འཆར་ཁག་འགྲུབ་རྗེས། ཕྱི་ཚེས་༣༡་ཉིན་མེང་ལོར་ནས་ཆིབས་ཐོན་གྱིས་བྷེང་ལོར་བརྒྱུད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཞབས་སོར་འཁོད་རྒྱུ་དང་། དེ་ནས་ཕྱི་ཟླ་༩་ཚེས་༡་ཉིན་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་འཁོད་རྒྱུ་ཡིན་འདུག
སྤྱི་ཟླ་༩་པའི་ཚེས་ ༤ ་ནས་ ༦ ་བར་ཉིན་གསུམ་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་ཆོས་ཞུ་བ་རྣམས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བདེན་བཞི་མི་རྟག་པ་སོགས་བཅུ་དྲུག་དང་། བྱང་ཕྱོགས་སོ་བདུན། མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་བཅས་ཀྱི་གསུང་ཆོས་སྩལ་གནང་མཛད་རྒྱུ་ཡིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།