རྒྱ་ནག་གཞུང་གིས་བལ་ཡུལ་གྱི་མཐའ་མཚམས་གྲོང་གསེབ་ཞིག་བཙན་བཟུང་བྱས་འདུག

2020-06-24
གློག་འཕྲིན།
མཆན།
Share
པར་བཀོད།
བལ་བོད་ས་མཚམས་ཀྱི་ས་ཁྲ་དང་རུཡི་གྲོང་གསེབ།
བལ་བོད་ས་མཚམས་ཀྱི་ས་ཁྲ་དང་རུཡི་གྲོང་གསེབ།
སྒྲིག་བཟོ།

རྒྱ་ནག་གཞུང་གིས་བལ་ཡུལ་གྱི་མཐའ་མཚམས་ཪུཡི་གྲོང་གསེབ་(Rui Village)་བཙན་བཟུང་བྱས་ཡོད་འདུག
འདི་ཚེས་༢༤་རེས་གཟའ་ལྷག་པའི་ཉིན། བལ་ཡུལ་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བར་ལྟར་ན། ཁྲིམས་མཐུན་གྱི་ཐོག་ནས་བལ་ཡུལ་རྒྱལ་ཁབ་ཀྱི་མངའ་འོག་ཏུ་ཡོད་པའི་གོར་ཁ་(Gorkha)་རྫོང་གི་ཁྱབ་ཁོངས་རུཡི་(Rui)་གྲོང་གསེབ་ཀྱི་ས་ཁུལ་ཆ་ཚང་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་ཡོད་པའི་གནས་ཚུལ་སྤེལ་འདུག་པ་དང་། གོར་ཁ་རྫོང་ནི་བལ་ཡུལ་དང་བོད་གཉིས་ཀྱི་ས་མཚམས་སུ་ཆགས་པའི་ས་ཁུལ་ཞིག་ཡིན་ཞིང་། ས་ཁུལ་འདི་ནི་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཆ་ཤས་ཡིན་ཚུལ་རྒྱ་ནག་གཞུང་གིས་རྩོད་ལེན་བྱེད་ཀྱི་ཡོད་འདུག
དེའི་ཐད་འདི་ག་ཨེ་ཤེ་ཡ་རང་དབང་རླུང་ཁང་གིས་བལ་ཡུལ་གྱི་ས་གཞི་བརྟག་དཔྱད་ལྷན་ཁང་གི་འགན་འཛིན་ཟུར་པ་དང་ས་ཁམས་ཚན་རིག་པ་སྐུ་ཞབས་(Buddi Narayan Shrestha)་ལགས་སུ་བཅར་འདྲི་བྱས་སྐབས། ཁོང་གིས་སྤྱི་ལོ་༡༩༦༢་ལོར་རྒྱ་ནག་དང་བལ་ཡུལ་གཉིས་ཀྱི་བར་མཐའ་མཚམས་ཀྱི་རྩ་འཛིན་གཞིར་བཞག་སྟེ། ས་མཚམས་བཅད་ཐིག་དེ་བཞིན་ཐུན་མོང་གི་ཐོག་ནས་གཏན་འབེབས་བྱས་ཞིང་། གོང་ཞུས་རྒྱལ་ཁབ་གཉིས་དབར་མཐའ་མཚམས་རྡོ་རིང་༣༣་དང་༣༤་ཞེས་པ་བཅས་རྡོ་རིང་གཉིས་བཞག་ཡོད་པའི་དེ་གཉིས་ཀྱི་བར་ལ་རུཡི་(Rui)་གྲོང་གསེབ་ཆགས་ཡོད་པར་བརྟེན། གྲོང་གསེབ་དེའི་ཁྱིམ་ཚང་ཁ་ཤས་རྒྱ་ནག་གི་ཕྱོགས་སུ་ཆགས་ཡོད་པ་ལས་མང་ཆེ་བ་བལ་ཡུལ་གྱི་ཕྱོགས་སུ་ཚུད་ཡོད་ཅེས་དང་། སྤྱི་ལོ་༡༩༦༡་དང་༡༩༦༢་བར་(Rui)་ས་ཁུལ་དུ་ཁྱོན་ཁྱིམ་ཚང་༧༠་ཙམ་ཡོད་པ་དང་། ཁྱིམ་ཚང་༢༠་ཙམ་ཞིག་རྒྱ་ནག་གི་ཕྱོགས་སུ་ཡོད་པ་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཁྲིམས་ལུགས་ཀྱི་དབང་ཚད་ཐོག་ནས་བཤད་ན་(Rui)་གྲོང་གསེབ་དེ་གོར་ཁ་རྫོང་གི་ཁྱབ་ཁོངས་སུ་ཆགས་ཀྱི་ཡོད། ད་ལྟ་བལ་ཡུལ་གྱི་མཐའ་མཚམས་ཀྱི་ཐད་ལ་དཀའ་ངལ་འཕྲད་བཞིན་པ་དེ་ནི། གཙོ་བོ་བལ་ཡུལ་གྱི་འབྲེལ་ཡོད་དབང་འཛིན་མི་སྣ་ཚོས་ས་མཚམས་ཀྱི་ཐོག་དོ་སྣང་མ་བྱས་བར་སྣང་མེད་དུ་བཏང་བའི་དབང་གིས་བྱུང་བ་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་།  
ཡང་གོང་ཞུས་གོར་ཁ་རྫོང་གི་ཁྱབ་ཁོངས་(Rui)་གྲོང་གསེབ་ནི་བོད་ཀྱི་ལྷོ་ནུབ་ཏུ་ཆགས་པའི་སྐྱིད་གྲོང་རྫོང་གི་ཉེ་འཁྲིས་སུ་ཆགས་པའི་ས་ཁུལ་ཞིག་ཡིན་ཞིང་། ད་སྐབས་གྲོང་གསེབ་དེར་གནས་སྡོད་བྱེད་མཁན་ཁྱིམ་ཚང་༧༢་སྐོར་ཞིག་གིས་རང་ཉིད་ཀྱི་ངོ་བོའི་ཐད་ལ་འཐབ་རྩོད་བྱེད་བཞིན་ཡོད་ཀྱང་། ད་ལྟའི་བལ་ཡུལ་གྱི་དབང་འཛིན་པ་ཚོ་རྒྱ་ནག་གཞུང་གི་གནོན་ཤུགས་དང་མགོ་སྐོར་འོག་ཚུད་བཞིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ཐེར་འདོན་བྱས་འདུག
བལ་ཡུལ་གྱི་ལོ་རྒྱུས་སྨྲ་བ་(Ramesh Dhungal)་ལགས་ཀྱིས། བོད་དང་ས་འབྲེལ་དུ་ཆགས་པའི་བལ་ཡུལ་གྱི་ས་ཁུལ་མང་པོ་ཞིག་གི་གནས་སྟངས་ད་ཆ་ཧ་ཅང་གི་སྐྱོ་པོ་ཆགས་ཡོད་པ་མ་ཟད། ད་ལྟ་གོར་ཁ་(Gorkha)་རྫོང་གི་ནང་གནས་ཚུལ་འདི་ལྟར་ལྷག་དགོས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི། བལ་ཡུལ་གྱི་དབང་འཛིན་མི་སྣ་ཚོས་གནས་ཚུལ་དེ་དག་སྣང་མེད་དུ་བཏང་བའི་དབང་གིས་བྱུང་བ་ཞིག་ཡིན་པ་བརྗོད་འདུག
གཞན་ཡང་བལ་ཡུལ་དང་རྒྱ་གར་གཉིས་ལོ་རྒྱུས་ཐོག་ནས་ས་ཁམས་དང་། རིག་གནས། ལོ་རྒྱུས། ཆོས་ལུགས་བཅས་ཀྱི་འབྲེལ་བ་ཡོད་པ་ཞིག་ཡིན། འོན་ཀྱང་ཉེ་ལམ་བལ་ཡུལ་གྱི་གྲོས་ཚོགས་ནས་བལ་ཡུལ་གྱི་ས་ཁྲ་གསར་པ་ཞིག་བཏོན་ཡོད་པ་དེར་རྒྱ་གར་གཞུང་གིས་དགག་པ་རྒྱབ་ཡོད་པ་མ་ཟད། བལ་ཡུལ་གཞུང་ལ་ཕྱོགས་མང་པོ་ནས་རྒྱ་ནག་གཞུང་གི་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།