རྒྱ་དཀར་ནག་བར་ས་མཚམས་ཀྱི་འཁོན་འཛིང་མཚམས་འཇོག་བྱེད་རྒྱུའི་མོས་མཐུན་བྱུང་འདུག

2020-06-23
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མི།
རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་དམག་མི།
དྲ་བཤུས།

རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ཡོད་དམག་དོན་ཚན་པའི་བར་གྲོས་མོལ་བྱས་བ་བརྒྱུད་ཕྱོགས་གཉིས་ཀའི་ངོས་ནས་འཁོན་འཛིང་མཚམས་འཇོག་བྱེད་རྒྱུའི་མོས་མཐུན་བྱུང་ཡོད་འདུག
དེ་ཡང་རྒྱ་གར་གྱི་དུས་བབ་(Times of India)་ཞེས་པའི་གསར་འགྱུར་བརྒྱུད་ལམ་ནང་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༢༢་གཟའ་ཟླ་བའི་ཉིན་རྒྱ་གར་གྱི་འབྲེལ་ཡོད་དམག་དཔོན་(Lt-General Harinder Singh)་དང། རྒྱ་ནག་གི་ཕྱོགས་ནས་དམག་དཔོན་(Major General Liu Lin)་གཉིས་ཀྱིས་སྣེ་ཁྲིད་འོག ས་མཚམས་ཀྱི་རྙོག་དྲའི་གནད་དོན་ཐོག་ཉིན་གང་གྲོས་བསྡུར་གནང་བའི་སྐབས། རྒྱ་གར་གྱིས་རྒྱ་ནག་གི་དམག་མི་ཚོ་ལ་དྭགས་སྤང་གོང་མཚོའི་ས་ཁུལ་ནས་སིམ་འཛུལ་བྱས་པ་དེ་དག་ཕྱིར་འཐེན་བྱེད་དགོས་པ་དང་། གྷལ་ཝན་ལུང་གཤོངས་སུ་འཁོན་འཛིང་མི་ཡོང་བ་སོགས་ཀྱི་དགོས་འདུན་བཏོན་ཡོད་འདུག་ལ་ཕྱོགས་གཉིས་ཀའི་ངོས་ནས་མཚམས་འཇོག་ཡོང་ཐབས་ཀྱི་མོས་མཐུན་བྱུང་ཡོད་ལུགས་འབྲེལ་ཡོད་ཚོས་གསུངས་ཡོད་ལུགས་བཀོད་འདུག འོན་ཀྱང་ད་ལྟའི་ཆར་དམིགས་བསལ་བཀའ་བསྡུར་ཞིབ་ཕྲ་གསལ་ཁ་གང་ཡང་བཏོན་མེད་པ་རེད།
ཚེས་༢༢་ཉིན་ཕྱོགས་གཉིས་ཀྱི་འབྲེལ་ཡོད་དམག་དཔོན་ཚོའི་མཇལ་འཕྲད་གྲོས་མོལ་སྐབས་སུ། རྒྱ་གར་གྱིས་འདི་ཚེས་༡༥་ཉིན། རྒྱ་ནག་གི་དམག་མིས་རྡོ་དང་དབྱུགས་པ། ལྕགས་རིགས་སོགས་ལག་ཆ་འདྲ་མིན་འཁྱེར་ཏེ་རྒྱ་གར་གྱི་དམག་མིའི་ཐོག་མི་སྤྱོད་ལས་འདས་པའི་རྒོལ་རྡུང་བཏང་བའི་བྱ་སྤྱོད་གནད་དོན་རྣམས་ཐེར་འདོན་གནང་ཡོད་འདུག
གོང་ཞུས་གནས་ཚུལ་ནང་གསལ་ལྟར་ན། ཟླ་བ་འདིའི་ཚེས་༡༥་ཉིན་གྷལ་ཝན་ལུང་གཤོངས་སུ་རྒྱ་ནག་གི་དམག་མིས་གློ་བུར་དུ་ཚུར་རྒོལ་བྱས་པར་བརྟེན་ཕྱོགས་གཉིས་ཀྱི་དམག་མིའི་དབར་འཁོན་འཛིང་བྱུང་བའི་དོན་རྐྱེན་འོག རྒྱ་གར་གྱི་ས་སྲུང་དམག་དཔོན་(Colonel B Santosh Babu)་དང་ཁོང་གི་རུ་ཁག་གི་དམག་མི་ཉི་ཤུ་ཙམ་གྱི་ཚེ་སྲོག་ཤོར་བ་དང་། དམག་མི་བདུན་བཅུ་ལྷག་ཙམ་ལ་རྨས་སྐྱོིན་ཕོག་ཡོད་པ་རེད། རྒྱ་ནག་གི་ཕྱོགས་ནས་དོན་རྐྱེན་དེ་བྱུང་ནས་བདུན་ཕྲག་གཅིག་ཙམ་ཕྱིན་པའི་རྗེས་འདི་ཚེས་༢༢་གཟའ་ཟླ་བའི་ཉིན་གཞི་ནས་དམག་དཔོན་ཞིག་རྐྱེན་འདས་སུ་ཕྱིན་ཡོད་ལུགས་ངོས་ལེན་བྱས་པ་ལས་དེ་མིན་ཚེ་སྲོག་ཤོར་བའི་གྲངས་ཚད་སོགས་རྩ་བ་ནས་གསལ་བཤད་བྱས་མེད་པ་རེད། གང་ལྟར་ཐེངས་འདིའི་འཁོན་འཛིང་སྐབས་རྒྱ་གར་གྱི་དམག་མི་ཉི་ཤུ་ཙམ་གྱི་ཚེ་སྲོག་ཤོར་བ་ནི་ལོ་ངོ་བཅུ་ཕྲག་བཞི་ལྷག་ཙམ་རྗེས་སུ་ས་མཚམས་དམག་མི་རྐྱེན་ལམ་དུ་ཕྱིན་པའི་གྲངས་ཀ་མང་ཤོས་ཆགས་ཀྱི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།