ས་མཚམས་ཀྱི་དཀའ་རྙོག་སེལ་བར་བོད་ཚུད་པའི་རྒྱལ་ཁབ་གསུམ་མཉམ་དུ་གྲོས་མོལ་བྱེད་དགོས་ཟེར།

2020-06-23
གློག་འཕྲིན།
མཆན།
Share
པར་བཀོད།
བོད་དང་ས་འབྲེལ་སྣ་སྟོད་ལ་(Nathula)་ས་མཚམས་སུ། ༢༠༠༦
བོད་དང་ས་འབྲེལ་སྣ་སྟོད་ལ་(Nathula)་ས་མཚམས་སུ། ༢༠༠༦
AP

རྒྱ་དཀར་ནག་གཉིས་བར་གྱི་ད་ལྟའི་ས་མཚམས་ཀྱི་དཀའ་རྙོག་དེ་བོད་ཚུད་པའི་རྒྱལ་ཁབ་གསུམ་མཉམ་དུ་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་རྒྱ་གར་གྱི་དམག་དོན་ཉམས་ཞིབ་པས་བརྗོད་འདུག
ཉེ་ལམ་རྒྱ་གར་བྱང་ཕྱོགས་ལ་དྭགས་ཤར་ཕྱོགས་གྷལ་ཝན་ལུང་གཤོངས་སུ་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ས་སྲུང་དམག་མིའི་བར་གདོང་ཐུག་དྲག་པོ་བྱུང་སྟེ། རྒྱ་གར་གྱི་དམག་མི་༢༠་རྐྱེན་ལམ་ཤོར་བ་དང་། རྒྱ་ནག་གི་དམག་མི་༤༠་ཙམ་ཤི་རྨས་བྱུང་བ་རྒྱ་གར་ཕྱོགས་ནས་བསྒྲགས་ཡོད། དེའི་ཐད་འདི་ཚེས་༢༣་ཉིན་ཨུ་རུ་སུའི་ཕྱི་སྲིད་བློན་ཆེན་(Sergei lavrov)་གྱི་གདན་ཞུའི་ཐོག རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་(S Jai Shankar)་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་(Wang yi)་རྣམ་པ་དྲ་ལམ་བརྒྱུད་གྲོས་མོལ་ཚོགས་འདུ་ཚོགས་ཡོད་པ་རེད།
དེའི་ཐད་ལ་རྒྱ་གར་གྱི་དམག་དོན་ཉམས་ཞིབ་པ་དམག་དཔོན་ཟུར་པ་(PG Kamath)་ལགས་ཀྱིས་གསུང་ན། ད་རེས་རྒྱ་གར་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཉིས་དྲ་ལམ་བརྒྱུད་གྲོས་མོལ་གནང་བ་ནི་དཀའ་རྙོག་གྲོས་མོལ་གྱི་ལམ་ནས་ཞི་འཇམ་ཡོང་ཐབས་གནང་བ་དེ་ཡག་པོ་རེད། ཡིན་ན་ཡང་ས་མཚམས་ཀྱི་དཀའ་རྙོག་འདི་རྒྱ་གར་དང་རྒྱ་ནག་བོད་ཚུད་པའི་ཐོག་ནས་སེལ་དགོས་པ་ཞིག་རེད། ད་ལྟ་བོད་དེ་རྒྱ་ནག་གིས་བཙན་བཟུང་འོག་ཏུ་ཡོད་པས། ས་མཚམས་ཀྱི་དཀའ་རྙོག་དེ་བོད་ཀྱི་གནད་དོན་ཡོད་པའི་ཐོག་ནས་གྲོས་མོལ་གནང་དགོས་པ་ལས་རྒྱལ་ཁབ་གཞན་ཞིག་དགོས་དོན་མེད་ཅེས་གསུང་གནང་གི་འདུག
ཡང་ཁོང་གིས་རྒྱ་གར་དང་རྒྱ་ནག་བར་གྱི་ས་མཚམས་ཀྱི་དཀའ་རྙོག་སེལ་ཐབས་ཀྱི་འབད་བརྩོན་དེ་༡༩༩༠་སྔོན་ནས། རྒྱ་གར་གྱི་སྲིད་བློན་ར་ཇིབ་གྷན་རྡི་སྤྱི་ལོ་༡༩༨༨་ལོར་རྒྱ་ནག་དུ་གཟིགས་སྐོར་ཕེབས་པའི་རྗེས་ལོ་བཅུ་ཕྲག་བརྒལ་བའི་རིང་འབད་བརྩོན་གནང་ཡོད། དེ་ནས་དམིགས་བསལ་སྐུ་ཚབ་བར་ཐུག་འཕྲད་ཐེངས་༢༢་ཙམ་གནང་ཡོད་ཀྱང་རྒྱ་ནག་གི་ཕྱོགས་ནས་རྩོད་རྒྱུ་འདི་ཡིན་ཞེས་ཡིག་ཐོག་ཁ་གསལ་གང་ཡང་སྤྲད་མེད། སོང་ཙང་དཔོན་རིགས་མཇལ་འཕྲད་དེ་རིགས་ནི་རྒྱ་ནག་གིས་རང་ཉིད་ཀྱི་ཆེ་མཐོང་སྲུང་སྐྱོབ་ཆེད་དུ་ཡིན་པ་ལས་གཞན་གང་ཡང་མ་རེད། དཔེར་ན། ༢༠༡༧་ལོར་འབྲོག་ལམ་ས་མཚམས་ཀྱི་དཀའ་རྙོག་སྐབས་རྒྱ་གར་གྱི་དམག་མི་དང་གོ་མཚོན་ཕྱིར་འཐེན་བྱས་ཡོད། ཡིན་ནའང་རྒྱ་ནག་གིས་ག་དུས་ཡིན་ཡང་རང་གི་ནོར་འཁྲུལ་སྦས་གསང་བྱས་ཏེ་དཀའ་རྙོག་མུ་མཐུད་དུ་བཟོ་བཞིན་ཡོད། ང་ཚོས་ག་རེ་མངོན་དཔག་བྱེད་ཐུབ་ཀྱི་རེད་ཟེར་ན། ད་རེས་ཀྱང་རྒྱ་ནག་གིས་རང་ཉིད་ཀྱི་ཆེས་མཐོང་སྲུང་སྐྱོབ་བྱེད་རྒྱུའི་གོ་སྐབས་ཤིག་བཟོས་ཡོད་པ་རེད་ཅེས་གསུང་གནང་གི་འདུག
ཡང་ཁོང་གིས་རྒྱ་གར་རང་བཙན་བྱུང་བ་ནས་རང་ཉིད་ཀྱི་བྱང་ཕྱོགས་ས་མཚམས་ལ་དོ་སྣང་དེ་ཙམ་དོ་སྣད་སྤྲད་མེད་པར་ལྷོད་གཡེང་བྱས་ཡོད་པ་དང་། ལྷག་པར་བྱང་ཕྱོགས་ས་མཚམས་སུ་བོད་ཞི་བའི་རྒྱལ་ཁབ་དེ་ཡོད་བསམ་ནས་ལྷོད་གཡེང་བྱས་བ་རེད། རྗེས་སུ་རྒྱ་ནག་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་ཞི་བདེ་ལྡན་པའི་ཧིན་བོད་ས་མཚམས་དེ་དྲག་རྩུབ་ཅན་གྱི་རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཆགས་ཡོད། དེ་བས་བོད་ཀྱི་དཀའ་རྙོག་སེལ་བ་ཡིན་ན་ད་ལྟའི་ས་མཚམས་ཀྱི་དཀའ་རྙོག་ཡོད་པ་མ་རེད་ཅེས་གསུང་གནང་གི་འདུག
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་བསྟན་འཛིན་ལེགས་བཤད་ལགས་ཀྱི་གསུང་ན། ད་རེས་རྒྱལ་ཁབ་གསུམ་གྱི་ཕྱི་སྲིད་བློན་ཆེན་མཇལ་མོལ་གནང་བ་དེ་ནི་ཨུ་རུ་སུ་དེ་བཞིན་རྒྱ་གར་དང་འབྲེལ་བ་ཡག་པོ་ཡོད་པ་ཞིག་དང་། རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་ཞིག་ཆགས་ཡོད་སྟབས་ཕྱོགས་གཉིས་མོས་མཐུན་གྱི་ཐོག་ནས་དཀའ་རྙོག་སེལ་རྒྱུའི་རེ་བ་རྒྱབ་ཡོད་པ་དང་། དེ་བཞིན་ཡང་ཁོང་གིས་བོད་དོན་ཐོག་རྒྱ་གར་གཞུང་གིས་ཆབ་སྲིད་ཐོག་འཛིན་པའི་སྲིད་བྱུས་ལ་འགྱུར་བ་འགྲོ་རྒྱུ་ཁག་པོ་ཡིན། དེ་བས་ང་ཚོའི་ངོས་ནས་གོ་སྐབས་བཟུང་ནས་རྒྱ་གར་མི་དམངས་ཀྱི་གོ་རྟོགས་སྤེལ་དགོས་པ་གལ་ཆེ་ཡིན་པ་གསུང་གནང་གི་འདུག
གཞན་ཡང་ད་རེས་རྒྱ་ནག་དང་། རྒྱ་གར། ར་ཤི་ཡ་བཅས་ཀྱི་ཕྱི་སྲིད་བློན་རྣམས་དྲ་ལམ་བརྙན་འཕྲིན་བརྒྱུད་ཚོགས་པའི་གྲོས་མོལ་སྐབས། རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་མཆོག་གིས་ད་ཐེངས་ཚོགས་འདུ་དེས་ང་ཚོའི་ངོས་ནས་རྒྱལ་སྤྱིའི་འབྲེལ་ལམ་གྱི་རྩ་འཛིན་ཐད་མུ་མཐུད་ཡིད་ཆེས་ཡོད་པ་ནན་བརྗོད་བྱེད་ཀྱི་ཡོད་ཀྱང་། ང་ཚོ་ཚང་མའི་བར་འབྲེལ་བ་ཡང་དག་པ་ཞིག་ཡོང་བར་ངེས་པར་དུ་ཚང་མས་རྒྱལ་སྤྱིའི་ཁྲིམས་ལ་བརྩི་སྲུང་དང་། སོ་སོའི་མཐུན་གྲོགས་རྒྱལ་ཁབ་ཀྱི་ཁྲིམས་མཐུན་གྱི་ཁེ་ཕན་དེ་དག་ངོས་འཛིན་དགོས་གལ་ཆེ་ཞིང་། རྒྱལ་ཁབ་སོ་སོའི་ཐུན་མོང་གི་བདེ་སྡུག་ལ་བརྩི་འཇོག་དགོས་གལ་ཆེ་ཞེས་བརྗོད་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།