བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་དབུ་འཛུགས་གནང་བ།

2019-08-14
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་མཱ་ནཱ་ལི་ཁུལ་དུ་གསུང་ཆོས་གནང་བཞིན་ཡོད་པ།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་གར་གྱི་མཱ་ནཱ་ལི་ཁུལ་དུ་གསུང་ཆོས་གནང་བཞིན་ཡོད་པ།
དགའ་ལྡན་ཕོ་བྲང༌།

༄༅༎སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ཕྱི་ཟླ་༨ཚེས་༡༤ཉིན་རྒྱ་གར་བྱང་ཕྱོགས་མཱ་ནཱ་ལིའི་ཁུལ་དུ་དད་ལྡན་སེར་སྐྱ་མང་ཚོགས་ལྔ་སྟོང་ལྷག་ཙམ་ལ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་བསྩལ་གནང་མཛད་ཡོད་པ་དང་། དེའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་མཆོག་ནི་སྟོན་པ་གཉིས་པ་ལྟ་བུར་གྲགས་པ་དེ་ལོ་རྒྱུས་ཀྱི་བཤད་སྲོལ་ཙམ་མིན་པར་ཁོང་གིས་བརྩམས་པའི་ཕྱག་དཔེ་དེ་དག་ལ་གཟིགས་པའི་སྐབས་དངོས་གནས་སྨྲ་བ་ཟླ་མེད་པའི་སྟོན་པ་གཉིས་པ་ལྟ་བུ་ཕལ་ཆེར་ཆགས་ཡོད་པ་དང་། དེ་ལྟ་བུ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་བྱང་ཆུབ་སེམས་འགྲེལ་ཞུ་བ་འདི་མགོན་པོ་ཀླུ་སྒྲུབ་ཀྱིས་གསང་སྔགས་ཆོས་ལའང་ཉམས་བཞེས་གནང་སྟེ་གསང་བ་འདུས་པ་གཙོ་བོ་གནང་པ་ཡིན་ཞིང་། མགོན་པོ་ཀླུ་སྒྲུབ་ཁོང་ཉིད་ཀྱིས་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེའི་བདག་བསྐྱེད་མདོར་བྱས་ཟེར་རྒྱུ་དེ་མཛད་ཡོད་ཅེས་བཀའ་སློབ་བསྩལ་གནང་བ་དང་། ༧གོང་ས་མཆོག་ནས་བྱང་ཆུབ་ཀྱི་སེམས་སྐྱེད་པར་ལས་སླ་པོ་ཞིག་མེད་ཀྱང་། དེར་སློབ་གཉེར་བྱས་ཏེ་ཉམས་ལེན་བྱས་པ་ཡིན་ན་འགྲུབ་རྒྱུ་ཡོད་པ་མགོན་པོ་གང་ཉིད་ཀྱི་ཐུགས་རྒྱུད་ལ་བྱང་ཆུབ་ཀྱི་སེམས་འཁྲུངས་ཡོད་པའི་སྐོར་ དཔེ་མཚོན་ངང་བཀའ་གནང་ཡོད་ཅིང་། ཡང་སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱུན་དུ་སྤྱོད་འཇུག་ལ་བསླབ་པ་སློབ་གཉེར་བྱེད་རྒྱུ་གལ་ཆེན་ཡིན་པའི་སྐོར་བཀའ་ཕེབས་ཡོད་པ་དང་། གཞན་དོན་འགྲུབ་རྒྱུའི་བསམ་བློ་ནི་གཞན་དང་མི་འདྲ་བའི་སྙིང་སྟོབས་ཅན་གྱི་བློ་ཞིག་ཡིན་པ་ཡང་བཀའ་སློབ་བསྩལ་གནང་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མཁན་ཆེན་ཞི་བ་འཚོ་ཚུད་པའི་དཔལ་ནཱ་ལན་ཌའི་མཁས་པ་ཚོ་བོད་གངས་ཅན་ལྗོངས་ལ་ཤིན་ཏུ་བཀའ་དྲིན་ཆེན་པོ་ཡིན་པ་དང་། ཚད་མ་རིག་པའི་གཞུང་དང་འབྲེལ་ནས་རྒྱུ་མཚན་ཡང་དག་བཀོད་དེ་རྩོད་པ་རྩོད་ནས་གཏན་ལ་ཕབ་པའི་གཞུང་ལུགས་དེ་ད་ཆ་བོད་གངས་ཅན་ལྗོངས་ལ་མ་གཏོགས་གཞན་སུ་ལ་ཡང་མེད་པའི་སྐོར་བཀའ་གནང་སྟེ་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་གཞུང་ལུགས་དེ་དག་ལུང་ཙམ་མ་ཡིན་པར་རིག་པའི་ལམ་ནས་མཛད་བཞག་པའི་གཞུང་ལུགས་ཤིག་ཡིན་པ་བཀའ་བསྩལ་གནང་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།