༧གོང་ས་མཆོག་མོན་རྟ་དབང་ལ་ཞབས་སོར་བདེ་བར་འཁོད་འདུག

2017-04-07
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་བོད་དང་ས་འབྲེལ་མོན་རྟ་དབང་ས་གནས་སུ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༧།༤།༧
༧གོང་ས་མཆོག་བོད་དང་ས་འབྲེལ་མོན་རྟ་དབང་ས་གནས་སུ་ཞབས་སོར་བདེ་བར་འཁོད་སྐབས། ༢༠༡༧།༤།༧
པ་སངས་ཚེ་རིང་།/RFA

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་བོད་དང་ས་འབྲེལ་མོན་རྟ་དབང་ས་གནས་སུ་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག
དེ་ཡང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འབུམ་སྡེ་ལ་དང་། སྡི་རང་ས་གནས་བཅས་ཀྱི་མཛད་འཆར་ཁག་ལེགས་གྲུབ་ཀྱིས། ཕྱི་ཟླ་ ༤ ཚེས་ ༧ ཉིན་མོན་རྟ་དབང་རུ་ཞབས་སོར་བདེ་བར་འཁོད་གནང་མཛད་ཡོད་པ་རེད། འདི་ནི་ལོ་བརྒྱད་ཀྱི་རྗེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ས་གནས་འདིར་ཞབས་སོར་འཁོད་པ་ཞིག་ཡིན་པ་དང་། ས་གནས་མི་དམངས་ཚོས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕེབས་བསུ་ཞུས་འདུག   
སྔོན་འཆར་ལྟར་ན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མོན་རྟ་དབང་རུ་ཕྱི་ཚེས་ ༤ ཉིན་ཞབས་སོར་འགོད་གནང་གི་མཛད་འཆར་ཡོད་ན་ཡང་། གནམ་གཤིས་ཡག་པོ་མེད་པའི་རྐྱེན་གྱིས་ཉིན་ཤས་ཕྱིར་རྒྱངས་ཞུས་ཤིང་། དེའི་རིང་འབུམ་སྡེ་ལ་དང་སྡི་རང་ས་གནས་སུ་མཛད་འཆར་ཁག་གཅིག་བསྐྱངས་གནང་མཛད་ཡོད་པ་རེད།  ཕྱི་ཚེས་ ༧ ཉིན་མོན་རྟ་དབང་དགའ་ལྡན་ལྷ་རྩེ་དགོན་དུ་ཞབས་སོར་བཀའ་དྲིན་ཆེ་གནང་མཛད་སྐབས།  མངའ་སྡེའི་སྤྱི་ཁྱབ་བློན་ཆེན་དང་། གྲོས་ཚོགས་ཀྱི་ཚོགས་གཙོ། རྟ་དབང་དགོན་པའི་མཁན་པོ་གངས་དཀར་སྤྲུལ་སྐུ་སོགས་གནད་ཡོད་ཀྱི་མི་སྣ་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཎྜལ་རྟེན་གསུམ་འདེགས་འབུལ་ཞུས་གནང་པ་དང་། སྐབས་དེར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་མོན་གྱི་མི་དམངས་ཚོས་དད་གུས་དང་དགའ་སྣང་ཧ་ཅང་ཆེན་པོ་ཞུ་གི་ཡོད་པ་མངོན་གསལ་དོད་པོ་ཡིན་པ་དང་། ནང་ཆོས་ལ་དོ་སྣང་ཡང་ཆེ་རུ་འགྲོ་གི་ཡོད་པའི་མཚོན་རྟགས་ཡོད་པ་བཀའ་གནང་ཞིང་།  ཆོས་ལ་དད་པ་ཡོད་པ་ཙམ་མིན་པར། བྱམས་པ་དང་བརྩེ་བ་ཤེས་རབས་བཅས་བཟུང་དུ་འབྲེལ་བ་ཞིག་དགོས་རྒྱུ་གལ་ཆེ་ཡིན་པའི་སྐོར་བཀའ་སློབ་ཕེབས་ཡོད་པ་རེད།
དེ་་བཞིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་ཚན་རིག་ལ་ཤུགས་ཆེ་རྟེན་པའི་དུས་ཚོད་འདིའི་སྐབས་རིག་པའི་ལམ་ནས་གཏན་ལ་ཕབ་སྟེ་གསུངས་པའི་སངས་རྒྱས་ཀྱི་ལྟ་གྲུབ་འདི་ནི་འཛམ་གླིང་ནང་ངོམ་སྟོན་ཆོག་པ་ཞིག་དང་། དེའི་རིན་ཐང་གཞན་གྱི་རྒྱབ་ཐུབ་པ་ཞིག་ཡོད་སྟབས།  ངེས་པར་ནང་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་དགོས་རྒྱུ་གལ་འགངས་ཆེ་བའི་སྐོར་བཀའ་སློབ་ཕེབས་འདུག་ལ། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས།  ས་གནས་སོ་སོར་ཡོད་པའི་དགོན་པ་གྲྭ་ཚང་དེ་དག་རིམ་པས་ཆོས་སློབ་གཉེར་བྱ་ཡུལ་ཞིག་ཏུ་འགྱུར་ཐུབ་པ་བྱེད་དགོས་པའི་བཀའ་སློབ་ཡང་སྩལ་འདུག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅཱལ་མངའ་སྡེ་དང་ལྷག་པར་དུ་རྟ་དབང་ཁུལ་ཆིབས་བསྒྱུར་ཞབས་སོར་འགོད་རྒྱུར་རྒྱ་ནག་གཞུང་ཕྱོགས་ནས་སྐྱོན་བརྗོད་ཤུགས་ཆེ་ཞུ་བཞིན་ཡོད་ཀྱང་། རྒྱ་གར་དབུས་དང་ས་གནས་གཞུང་གི་དཔོན་རིགས་ཚོས་རྒྱ་ནག་ལ་རྒྱ་གར་གྱི་ནང་སྲིད་ལ་ཐེ་ཇུས་བྱེད་དབང་མེད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ས་གནས་གང་དུ་ཆིབས་བསྒྱུར་བསྐྱངས་ཡང་འགག་བྱ་མེད་པའི་ལན་འདེབས་གནང་བཞིན་པར་མ་ཟད།  ཨ་རུ་ཅཱལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་ལགས་ཀྱིས་ཨ་རུ་ན་ཅཱལ་དང་བོད་དབང་ས་འབྲེལ་ས་མཚམས་ཡོད་པ་ལས། རྒྱ་ནག་དང་ས་འབྲེལ་ས་མཚམས་མེད་པ་ཡོངས་ཁྱབ་ཐོག་ནས་གསུངས་ཡོད་པ་རེད།  

གསར་འགོད་པ་འགན་འཛིན་གཞོན་པ་སྐལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།